ང་ཚོའི་སྐོར།

ཙ་འདྲ་ཐེབས་རྩ་ཚོགས་པ།

བཤད་སྒྲུབ་ཟུང་འབྲེལ་གྱི་ལམ་ནས་བོད་བརྒྱུད་ནང་བསྟན་ལ་ནུས་ཤུགས་སྤུང་བ།

ཙ་འདྲ་ཐེབས་རྩ་ཚོགས་པ་ནི་སྤྱི་ལོ་ ༢༠༠༠ ལོར་མངའ་སྡེ་ནིའུ་ཡོརྐ་ཏུ་སྒེར་གྱི་མ་རྩའི་ཐོག་ནས་བཙུགས་པ་ཞིག་ཡིན། ཤེས་རབ་དང་སྙིང་རྗེ་གོང་སྤེལ་དང་འབྲེལ་བའི་བྱ་གཞག་རྒྱབ་སྐྱོར་གྱི་ཚུལ་དུ། ང་ཚོས་ནུབ་ཕྱོགས་སུ་བོད་རྒྱུད་ནང་བསྟན་ལ་བཤད་སྒྲུབ་ཟུང་འབྲེལ་ཡོང་བའི་ཕྱིར་དགོས་ངེས་འགྲོ་གྲོན་གོ་སྒྲིག་ཞུ་གྱི་ཡོད།

བོད་རྒྱུད་ནང་བསྟན་གྱི་ཁོངས་སུ་ཡིག་ཆའི་རྣམ་གྲངས་ཧ་ཅང་གཏོས་ཆེ་བ་ཡོད་པ་དག་ལ་གཅེས་སྲུང་དང་ཁྱབ་སྤེལ་གནང་དགོས་པ་དེ་ལོ་རྒྱུས་ཐོག་གལ་གནད་ཆེ་བའི་ལས་འགུལ་ཞིག་ཏུ་ང་ཚོ་ཙ་འདྲ་ཐེབས་རྩ་ཚོགས་པས་དངོས་འཛིན་ཞུ་གྱི་ཡོད། ཚོགས་པ་འདི་སྤྱི་ལོ་ ༢༠༠༠ ལོར་དབུ་བརྙེས་པ་ནས་བཟུང་སྟེ། རིས་མེད་བོད་རྒྱུད་ནང་བསྟན་དུ་གཏོགས་པའི་གལ་ཆེའི་གསུང་རབ་དག་བསྐྱར་སྐྲུན་དང་འགྲེམ་སྤེལ་གྱི་ཕྱག་ལས་འགངས་ཆེན་གནང་མཁན་བོད་ཀྱི་དགོན་སྡེ་དང་དཔེ་སྐྲུན་ཁང་སྒེར་པ་མང་པོ་ཞིག་ལ་མཐུན་འགྱུར་རམ་འདེགས་ཞུས་པས། འདས་པའི་ལོ་ངོ་འགའ་ཤས་རིང་བོད་དཔེ་བརྒྱ་ཕྲག་ལས་རྒལ་བ་པར་སྐྲུན་དང་། འཕྲུལ་དེབ་ཀྱང་བཟོས་ཐུབ་པ་བྱུང་། ཆོས་སྤྲིན་དཔེ་མཛོད་དྲྭ་རྒྱ་འདིར་ང་ཚོ་དང་མཉམ་ལས་གནང་མཁན་དཔེ་སྐྲུན་ཁང་རྣམས་ཀྱི་དཀར་ཆག་ནས་མ་དཔེ་ཁག་གཅིག་བདེམ་སྒྲུག་གྱིས་རིན་མེད་ཕབ་ལེན་གནང་ཆོག་བཟོས་ཡོད། མཉམ་ལས་ཀྱི་ལས་གཞི་འདི་ལྟ་བུ་ཞིག་བོད་མི་སྤྱི་ཚོགས་དང་རྒྱལ་སྤྱི་ཁྲོད་དུ་འཇོག་ཐུབ་པ་དེ་ལ་ང་ཚོ་ཙ་འདྲ་ཐེབས་རྩ་ཚོགས་པར་དགའ་སྤྲོ་ཆེན་པོ་ཡོད།

མཐའ་ཡས་མཛོད་ཞེས་པའི་དྲྭ་རྒྱ་ནི། ཐོག་མར་སྤྱི་ལོ་ ༢༠༡༣ ལོར་ང་ཚོ་ཙ་འདྲ་ཐེབས་རྩ་ཚོགས་པའི་ལས་སྣེ་བ་ཨེ་རིག་ཀོ་ལོམ་སྤེལ་དང་། ཤོན་ཕ་རི་སི། དེ་བཞིན་ར་ཧྥེལ་ཨོར་ཊེ་ཊི་གསུམ་གྱིས་འཆར་འགོད་བྱས་ནས། འབྲེལ་ཡོད་དཔེ་སྐྲུན་པ་རྣམས་ལ་བཟོ་སྐྲུན་གནང་ཟིན་པའི་བོད་དཔེ་རྣམས་དྲྭ་རྒྱའི་ཐོག་འགྲེམས་སྤེལ་བྱས་ན། དཔེ་ཀློག་ཁྱབ་རྒྱ་ཆེ་རུ་འགྲོ་རྒྱུ་དང་། དཔེ་སྐྲུན་གྱི་ཕྱག་ལས་རྣམས་ལ་ཡར་རྒྱས་ཀྱང་ཡོང་ཐུབ་ཅེས་སམ་ཚུལ་ཞུས་སྐབས། ཚང་མས་དང་ལེན་མོས་མཐུན་གནང་བས་ང་ཚོར་ཡང་སྤྲོ་བ་བརྟས། ང་ཚོའི་ལས་ཚན་དང་པོ་དེ་བལ་ཡུལ་འཇམ་མགོན་བླ་བྲང་གི་མཁན་པོ་ཤེས་རབ་རྒྱལ་མཚན་དང་སློབ་དཔོན་ཆོས་དབྱིངས་འགྱུར་མེད་རྣམ་གཉིས་ཀྱི་རོགས་སྐྱོར་དང་ཕྱག་ལས་ཧུར་ཐག་གནང་བས་ལེགས་གྲུབ་བྱུང་། ཁོང་རྣམ་གཉིས་ཀྱིས་ཕྱག་དཔེའི་བཟོ་དབྱིབས་དང་ཡི་གེ་བཀོད་སྒྲིག་སོགས་གང་ཅིར་བཀའ་སློབ་ལམ་སྟོན་མང་པོ་གནང་སོང་། དེ་མཚུངས་ཞེ་ཆེན་དགོན་པ་དང་། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དང་། གཞན་དཔེ་སྐྲུན་པ་མང་པོ་ཞིག་གིས་ཕྱག་དཔེ་ཞལ་འདེབས་དང་། དེ་དག་དྲྭ་རྒྱའི་ཐོག་ཏུ་སྤུས་ཚད་བཟང་དུ་ཇི་ལྟར་གཏོང་ཕྱོགས་སྐོར་ཐུགས་འཆར་ལམ་སྟོན་ལྷུག་པོ་གནང་བ་ལ་བརྟེན་ནས་དཔེ་མཛོད་འདི་རིང་པོར་མ་ཐོགས་པར་ཁྱབ་རྒྱ་ཆེ་རུ་གྱུར། དེ་ལྟར་ལྷག་བསམ་ཅན་གྱི་གང་ཟག་མང་པོའི་དཔུང་གྲོགས་ཐོབ་མེད་ན་ཆོས་སྤྲིན་དཔེ་མཛོད་ཀྱི་དྲྭ་རྒྱ་འདི་ལྟར་ལེགས་འགྲུབ་ཡོང་བ་ཐབས་མེད་པ་ཞིག་ཡིན།

དྲྭ་རྒྱ་འདི་ནི་དགོན་སྡེ་དང་དཔེ་སྐྲུན་པ་རྣམས་ཀྱིས་འཕན་སེམས་ལྷོད་མེད་ཀྱིས་འབྱུང་འགྱུར་མི་རབས་ཀྱི་དོན་དུ་སོ་སོའི་སྲོལ་རྒྱུན་འཐུས་ཚང་ཤུལ་འཇོག་ཡོང་བར་ཕྱག་ལས་ཧུར་བརྩོན་གནང་བའི་མཛན་ཕྲིན་དག་ལ་ཉེ་བར་མཁོ་བའི་ལེགས་སྐྱེས་ཤིག་ཡིན། རྣམ་པ་ཚོ་ཆོས་སྤྲིན་དཔེ་མཛོད་ཁང་ལ་གཟིགས་ཞིབ་དང་ཕྱག་དཔེ་རིན་མེད་ཕབ་ལེན་གནང་བ་དང་། འཆར་ཅན་ཁ་སྣོན་རྒྱག་པའི་ཕྱག་དཔེ་གསར་པ་དག་ལ་ཐུགས་སྣང་གནང་བར་དགའ་བསུ་དང་། ང་ཚོའི་བོད་རིགས་མཉམ་ལས་པ་རྣམས་ཀྱི་ད་ལྟའི་ལས་འཆར་སྐོར་མཁྱེན་རྟོགས་དང་། དཔེ་སྐྲུན་གྱི་ཕྱག་ལས་རྣམས་ལ་རམ་འདེགས་མཐུན་འགྱུར་གནང་བར་ཞུ་ཞེས་ང་ཚོས་འབོད་བསྐུལ་ཞུ་གྱི་ཡོད།

དགེ་སློང་བསྟན་འཛིན་བྱམས་ཆེན། (ཤོན་པ་ར་ཡི་ས།)

བོད་ཡིག་དཔེ་སྐྲུན་སྡེ་ཚན་གྱི་དབུ་འཛིན།

དགེ་སློང་ཤོན་པ་ར་ཡི་ས་ནི་སྤྱི་ལོ་ ༡༩༩༤ ལོར་བོད་བརྒྱུད་ནང་བསྟན་གི་ཆོས་སྒོར་ཞུགས། བསྙེན་པར་རྫོགས་ནས་རྒྱ་བལ་གྱི་དགོན་སྡེ་མང་པོར་སློབ་གཉེར་མཛད། སྤྱི་ལོ་ ༡༩༩༩ ནས་བཟུང་བལ་ཡུལ་ཞེ་ཆེན་དགོན་དུ་གནས་གཞི་མཛད་ཅིང་། ཕྱག་རྫོགས་དང་འབྲེལ་བའི་ཕྱག་དཔེ་སྣ་ཚོགས་དབྱིན་སྐད་དུ་བསྒྱུར། སྤྱི་ལོ་༢༠༠༩ ནས་ཙ་འདྲ་ཐེབས་རྩ་ཚོགས་པའི་དཔེ་སྐྲུན་སྡེ་ཚན་གྱི་དབུ་འཛིན་ཐུགས་འགན་བཞེས་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་པའོ།།

ཙ་འདྲའི་མཐུན་རྐྱེན།

Tsadra Bilingual Library

ཨེབ་འདི་བརྒྱུད་ནས་ཤེས་བྱ་མཛོད་དང་བྱམས་ཆོས་སྡེ་ལྔའི་བོད་དཔེ་ཕྱོགས་སྒྲིག་གཉིས་དང་། དེ་བཞིན་དྲ་ཐོག་ཏུ་ཁྲིད་པའི་དབུས་མཐའ་རྣམ་འབྱེད་ཀྱི་སློབ་ཚན་དབྱིན་འགྱུར་དང་བཅས་པ་དང་། གླ་མེད་བོད་དཔེ་སྤུས་ལེགས་ཁག་གཅིག་གི་ཕྱོགས་སྒྲིག་བཅས་ལ་གཟིགས་ཞིབ་གནང་ཐུབ།

བདེ་གཤེགས་སྙིང་པོ།

ཆོས་འཁོར་གསུམ་པའི་བརྗོད་བྱ་བདེ་གཤེགས་སྙིང་པོ་དང་། དེ་དང་འབྲེལ་བའི་ཡིག་ཆ། གསུང་བཤད། བླ་བརྒྱུད་དང་། བརྗོད་བྱ་དེ་དང་འབྲེལ་ཡོད་ནང་པའི་དགོངས་ཚུལ་དག་ལ་འཆད་ཉན་ཡོང་བའི་ཕྱིར་ཁུངས་ལྡན་ཡིད་ཆེས་ཕེར་འོས་ཀྱི་ཆ་རྐྱེན་བླང་གྱིལྟེ་གནས་ཤིག་བསྐྲུན་རྒྱུ་ནི་དྲྭ་རྒྱ་འདི་ཡི་དམིགས་ཡུལ་ཡིན། བོད་བརྒྱུད་ནང་བསྟན་ཁྲོད་བདེ་གཤེགས་སྙིང་པོ་དང་འབྲེལ་བའི་སྲོལ་རྒྱུན་གྱི་བཞེད་ཚུལ་དག་ལ་མཁྱེན་རྟོགས་ཡངས་འདོད་ཅན་དག་ལ་འཕན་པའི་ཕྱིར། ང་ཚོས་དྲྭ་རྒྱ་འདིར་ཤེས་ཡོན་སྦྱོང་བརྡར་ལ་མཁོ་བའི་ཆ་རྐྱེན་སྣ་ཚོགས་དང་། སྒྲ་འཕྲིན་དང་བརྙན་འཕྲིན་དུ་ཡོད་པའི་གསུང་བཤད་དང་དྲི་བ་དྲིས་ལན། བསྒྱུར་ཡིག་དང་དཔྱད་རྩོམ། བསྐྱར་ཞིབ་བྱས་པའི་ཡིག་ཆ་དང་། ངེས་པར་བཀླག་འོས་པའི་ཡིག་ཆ་གནད་འགག་ཆེ་བ་མང་དག་ཅིག་སྟར་འབུལ་ཞུས་ཡོད།

དཀར་ཆག

དཀར་ཆག་འདིར་འཇམ་མགོན་ཀོང་སྤྲུལ་གྱིས་ཕྱོགས་སྒྲིག་མཛད་པའི་གདམས་ངག་མཛོད་པོད་གྲངས་བཅོ་བརྒྱད་འཁོད་ཡོད། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་ཆེའི་ཞལ་གདམས་རྣམས་གཅིག་ཏུ་བསྡུས་པའི་གླེགས་བམ་འདི་དག་ནི། རྒྱ་གར་ནས་དར་བའི་བོད་ཀྱི་ཆོས་བརྒྱུད་ཡོད་དོ་ཅོག་ལ་རིས་མེད་དད་གུས་ཡོང་བའི་དགོངས་བཞེས་ཀྱིས་འཇམ་མགོན་ཀོང་སྤྲུལ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཕྱོགས་སྒྲིག་མཛད་པ་ཡིན། དཀར་ཆག་འདིར་དཔེ་ཚན་རེ་རེ་བཞིན་ཤོག་ཚད་། ས་གནས། འབྲེལ་ཡོད་མི་སྣའི་མཚན་ཐོ། བརྒྱུད་པ་དང་འབྲེལ་བའི་ཡིག་ཆ། དེང་སང་སྐད་རིགས་གཞན་དུ་བསྒྱུར་ཡོད་པའི་དཔེ་ཐོ། དཀར་ཆག་སྔ་མ་དང་ཞིབ་བསྡུར་བྱས་པའི་ཡིག་ཆ་དང་བཅས་བཀོད་ཡོད།

དཀར་ཆག་འདིར་ཞེ་ཆེན་ནས་པར་སྐྲུན་མཛད་པའི་རིན་ཆེན་གཏེར་མཛོད་པོད་གྲངས་བདུན་བཅུ་དོན་གཉིས་ནང་བཞུགས་པའི་དཔེ་ཚན་རེ་རེ་བཞིན་རྒྱབ་ལྗོངས་ལོ་རྒྱུས་དང་བཅས་པ་འཁོད་ཡོད། འཇམ་མགོན་ཀོང་སྤྲུལ་ཞབས་ཀྱིས་སྐུ་ཚེ་ཧྲིལ་པོར་ཕྱོགས་སྒྲིག་མཛད་པ་མཛོད་ལྔའི་ནང་གི་ཆེ་ཤོས་འདིར་བོད་ཀྱི་ཆོས་བརྒྱུད་རིས་མེད་དུ་བཞུགས་པའི་གཏེར་ཆོས་མང་པོ་ཞིག་ཚུད་ཡོད།